Link to home pageLanguagesLink to all Bible versions on this site
ལེའུ་བཅུ་གཉིས་པ།
ཨེ་ཅིབ་ཀྱི་རྒྱལ་པོ་ཤི་ཤག་གིས་ཡ་ཧུ་དཱ་ལ་དམག་དྲངས་པ།
1 རེ་ཧབ་ཨམ་གྱི་རྒྱལ་སྲིད་བརྟན་པོར་གྱུར་ཅིང་དར་བའི་ཚེ་ཁོང་གིས་དཀོན་མཆོག་ཡ་ཝཱེའི་བཀའ་ཁྲིམས་སྤངས་ཏེ། ཡེས་ར་ཨེལ་པ་ཐམས་ཅད་ཀྱང་ཁོང་གི་རྗེས་སུ་འབྲངས། 2 རྒྱལ་པོ་རེ་ཧབ་ཨམ་གྱི་སྲིད་ལོ་ལྔ་པར། ཨེ་ཅིབ་ཀྱི་རྒྱལ་པོ་ཤི་ཤག་གིས་ཡེ་རུ་སཱ་ལེམ་ལ་དམག་དྲངས། གང་ལ་ཞེ་ན། དེ་དག་གིས་དཀོན་མཆོག་ཡ་ཝཱེ་ལ་ཉེས་པ་བསགས་པས་སོ། ། 3 ཤི་ཤག་གིས་ཤིང་རྟ་ཆིག་སྟོང་ཉིས་བརྒྱ་དང་སྐྱ་དམག་ཁྲི་དྲུག་ཁྲིད་འོངས་པ་དང་། ད་དུང་ཁོ་དང་མཉམ་དུ་ཨེ་ཅིབ་ནས་ཐོན་པའི་ལེབ་ཡཱ་པ་དང་། སུག་ཀི་པ་དང་། གུ་ཤ་པའི་མི་ནི་བགྲང་གིས་མི་ལང་བ་ཡོད་ལ། 4 ཁོས་ཡ་ཧུ་དཱའི་མངའ་ཁོངས་ཀྱི་འགོག་སྲུང་གྲོང་ཁྱེར་རྣམས་བླངས་ཏེ་ཡེ་རུ་སཱ་ལེམ་དུ་འོངས། 5 དུས་དེར་ཡ་ཧུ་དཱའི་འགོ་དཔོན་རྣམས་ཤི་ཤག་གི་རྐྱེན་གྱིས་ཡེ་རུ་སཱ་ལེམ་དུ་འདུས་པ་དང་། ལུང་སྟོན་པ་ཤེ་མ་ཡཱ་ཁོང་ཉིད་རེ་ཧབ་ཨམ་དང་འགོ་དཔོན་རྣམས་ལ་འཕྲད་དུ་འོངས་ཏེ་ཁོ་རྣམས་ལ་ན་རེ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཚོས་བདག་སྤངས་པས་བདག་གིས་ཀྱང་ཁྱོད་ཚོ་སྤངས་ཏེ་ཤི་ཤག་གི་ལག་ཏུ་སྤྲད་པ་ཡིན་གསུངས་ཞེས་གསུངས་པ་ལ། 6 ཡེས་ར་ཨེལ་གྱི་འགོ་དཔོན་རྣམས་དང་རྒྱལ་པོས་ཁེངས་སྐྱུང་གིས་ན་རེ། དཀོན་མཆོག་ཡ་ཝཱེ་ནི་དྲང་བདེན་ཡིན་ནོ་ཞེས་ཞུས་སོ། ། 7 ཡང་དཀོན་མཆོག་ཡ་ཝཱེས་དེ་དག་གིས་ཁེངས་སྐྱུང་བྱེད་པ་གཟིགས་ནས་ཤེ་མ་ཡཱ་ལ་དཀོན་མཆོག་ཡ་ཝཱེའི་བཀའ་བྱུང་ནས་འདི་སྐད་དུ། དེ་དག་གིས་ཁེངས་སྐྱུང་བྱས་པས་ངས་དེ་དག་མེད་པར་མི་བྱ་བར་གནས་སྐབས་ཙམ་ལ་སྐྱོབ་པར་བྱ། ངས་ཤི་ཤག་བརྒྱུད་ནས་རང་གི་ཁོང་ཁྲོ་ཡེ་རུ་སཱ་ལེམ་གྱི་སྟེང་དུ་མི་འབེབ་བོ། ། 8 འོན་ཀྱང་དེ་ཚོས་ང་ལ་ཞབས་ཕྱི་སྒྲུབ་པ་དང་སའི་རྒྱལ་པོ་རྣམས་ལ་གཡོག་བྱེད་པའི་དབྱེ་བ་རྟོགས་པའི་ཆེད་དུ། ངས་དེ་དག་ཤི་ཤག་གི་བྲན་གཡོག་ཏུ་བསྒྱུར་བར་བྱ་ཞེས་གསུངས། 9 ཨེ་ཅིབ་ཀྱི་རྒྱལ་པོ་ཤི་ཤག་གིས་ཡེ་རུ་སཱ་ལེམ་ལ་དམག་བརྒྱབ་ནས། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དང་རྒྱལ་པོའི་ཕོ་བྲང་ནང་གི་རིན་པོ་ཆེ་ཐམས་ཅད་བཅོམས་ནས་ཁྱེར་བ་དང་། སོ་ལོ་མོན་གྱིས་བཟོས་པའི་གསེར་གྱི་ཕུབ་རྣམས་ཀྱང་ཕྲོགས་ནས་ཁྱེར། 10 དེ་ནས་རྒྱལ་པོ་རེ་ཧབ་ཨམ་གྱིས་གསེར་ཕུབ་ཀྱི་ཚབ་ཏུ་ལི་ཡི་ཕུབ་བཟོས་ནས། རྒྱལ་པོའི་ཕོ་བྲང་གི་སྒོ་སྲུང་འགོ་དཔོན་ལག་ཏུ་གཏད་དེ་བཞག 11 ཐེངས་རེར་རྒྱལ་པོ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་འགྲོ་དུས་སུ། སྐུ་སྲུང་པ་རྣམས་འོངས་ནས་ཕུབ་དེ་དག་འཁྱེར་ཞིང་། ཕྱིས་སུ་སླར་སྐུ་སྲུང་པའི་ཁང་པར་འཇོག་པ་ཡིན། 12 རྒྱལ་པོས་ཁེངས་སྐྱུང་བྱས་པས་དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་ཞི་བར་གྱུར་ནས་ཁོང་རྩ་མེད་དུ་མ་མཛད་དེ། ཡ་ཧུ་དཱའི་ནང་དུ་ད་དུང་དོན་བཟང་པོ་ཡོད་པ་ཡིན་ནོ། །

13 རྒྱལ་པོ་རེ་ཧབ་ཨམ་ནི་ཡེ་རུ་སཱ་ལེམ་དུ་རིམ་བཞིན་དར་ཞིང་མུ་མཐུད་དུ་རྒྱལ་པོར་བཞུགས། ཁོང་རྒྱལ་པོར་བཞུགས་དུས་སུ་དགུང་ལོ་བཞི་བཅུ་ཞེ་གཅིག་ཡིན་པ་དང་། དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་མཚན་འཇོག་པའི་དོན་དུ་ཡེས་ར་ཨེལ་གྱི་ཚོ་པ་ཁག་ནས་བདམས་པའི་གྲོང་ཁྱེར་ཡེ་རུ་སཱ་ལེམ་དུ་ལོ་བཅུ་བདུན་རིང་ལ་རྒྱལ་སྲིད་བསྐྱངས། ཁོང་གི་ཡུམ་ནི་ཨམ་མོན་པ་ནཱ་མཱ་བྱ་བ་དེ་ཡིན་ནོ། ། 14 རེ་ཧབ་ཨམ་གྱིས་སེམས་གཏིང་ནས་དཀོན་མཆོག་ཡ་ཝཱེ་མ་བཙལ་བས་བྱ་བ་ངན་པ་སྤྱད་པ་རེད། 15 རེ་ཧབ་ཨམ་གྱི་མཛད་རྗེས་རྣམས་འགོ་ནས་མཇུག་བར་དུ་ལུང་སྟོན་པ་ཤེ་མ་ཡཱ་དང་། མངོན་ཤེས་པ་ཨིད་དོའི་གསུང་འབུམ་ནང་དུ་བཀོད་ཡོད་པ་མ་ཡིན་ནམ། རེ་ཧབ་ཨམ་དང་ཡེ་རོབ་ཨམ་གཉིས་ནི་ནམ་རྒྱུན་དམག་བརྒྱབ་པ་ཡིན། 16 རེ་ཧབ་ཨམ་ནི་རང་གི་ཕ་མེས་དང་མཉམ་དུ་གཟིམས་ནས་དཱ་བིད་ཀྱི་གྲོང་ཁྱེར་དུ་དུར་ལ་སྦས། ཁོང་གི་སྲས་ཨ་བི་ཡཱ་ཁོང་གི་ཚབ་ཏུ་རྒྱལ་པོར་གྱུར་ཏོ། །

<- སྔོན་རབས་གཉིས་པ། 11སྔོན་རབས་གཉིས་པ། 13 ->
  • སྔོན་རབས་གཉིས་པ།