ལེའུ་སོ་གཅིག་པ།
སོ་ལོས་རང་སྲོག་བཅད་པ།
1 དེ་ནས་ཕེ་ལེ་ཤེད་པ་རྣམས་ཀྱིས་ཡེས་ར་ཨེལ་ལ་དམག་དྲངས་ནས། ཡེས་ར་ཨེལ་པ་རྣམས་ཕེ་ལེ་ཤེད་པའི་མདུན་ནས་བྲོས་ཏེ། མི་མང་པོ་གིལ་བོ་ཨ་རི་བོར་བསད་ནས་ས་རུ་འགྱེལ་བ་རེད། 2 དེ་ནས་ཕེ་ལེ་ཤེད་པ་རྣམས་ཀྱིས་སོ་ལོ་དང་དེའི་སྲས་རྣམས་ཀྱི་རྗེས་དེད་ཅིང་། སོ་ལོའི་སྲས་ཡོ་ནཱ་ཐན་དང་ཨ་བི་ནཱ་དབ། མལ་ཀི་ཤུ་ཨ་བཅས་བསད་པ་རེད། 3 ཡང་སོ་ལོ་ལ་རྒོལ་བའི་འཐབ་མོ་ཤིན་ཏུ་དྲགས་ཤིང་། མདའ་པ་རྣམས་ཀྱིས་ཁོང་ལ་རྒོལ་ནས་ཤིན་ཏུ་རྨས་པ་དང་། 4 སོ་ལོས་རང་གི་གོ་མཚོན་འཁུར་མཁན་ལ། ཁྱོད་ཀྱིས་རལ་གྲི་ཕྱུང་སྟེ་ངའི་ལུས་རྟོལ་ཞིག དེ་ལྟར་མ་བྱས་ཚེ་མཚན་སྐྱི་མ་བཅད་པ་དེ་དག་འོངས་ནས་ང་ལ་རལ་གྲིས་བཙུགས་ཏེ་སྨད་པར་བྱའོ་ཞེས་སྨྲས་ཀྱང་། གོ་མཚོན་འཁུར་མཁན་དེ་ཤིན་ཏུ་འཇིགས་ནས་དེ་ལྟར་མ་བྱས་པས། སོ་ལོས་རལ་གྲི་བླངས་ནས་དེའི་ཁར་ལྕེབས་སོ། ། 5 ཡང་གོ་མཚོན་འཁུར་མཁན་གྱིས་སོ་ལོ་གྲོངས་ཟིན་པ་མཐོང་བ་དང་། ཁོ་ཡང་རལ་གྲིའི་ཁར་ལྕེབས་ནས་ཤིའོ། ། 6 དེ་ལྟར་སོ་ལོ་དང་ཁོང་གི་སྲས་གསུམ་པོ་དང་། གོ་མཚོན་འཁུར་མཁན་དང་སོ་ལོའི་དམག་མི་ཐམས་ཅད་ཉིན་མོ་དེ་རང་ལ་ལྷན་ཅིག་ཏུ་འདས། 7 ཡང་ལུང་པའི་ཕ་རོལ་དང་ཡོར་དན་གཙང་པོའི་ཕ་རོལ་ཏུ་ཡོད་པའི་ཡེས་ར་ཨེལ་པ་རྣམས་ཀྱིས་ཡེས་ར་ཨེལ་པའི་དམག་རྣམས་བྲོས་པ་དང་། སོ་ལོ་དང་དེའི་སྲས་རྣམས་གྲོངས་པ་མཐོང་བས་རང་རང་གི་གྲོང་ཁྱེར་རྣམས་སྤངས་ནས་བྲོས་ཤིང་། ཕེ་ལེ་ཤེད་པ་རྣམས་འོངས་ནས་དེ་ཚོའི་གྲོང་ཁྱེར་ནང་དུ་བསྡད་དོ། །སཱ་མུ་ཨེལ་དང་པོ།
8 དེའི་ཕྱི་ཉིན་ཕེ་ལེ་ཤེད་པ་རྣམས་བེམ་པོ་དག་གི་གོས་བཤུ་བར་འོངས་དུས་སུ། སོ་ལོ་དང་དེའི་སྲས་གསུམ་པོ་གིལ་བོ་ཨ་རི་བོར་གྲོངས་ཟིན་པ་མཐོང་བ་དང་། 9 ཁོང་གི་མགོ་བཅད་ནས་གོ་མཚོན་བཤུས་ཏེ། ལྷ་ཁང་དང་ཡུལ་མི་རྣམས་ལ་འཕྲིན་གཏོང་བའི་ཕྱིར་མི་འགའ་ཞིག་ཕེ་ལེ་ཤེད་པའི་ཡུལ་སྐོར་དུ་མངགས། 10 ཡང་ཁོང་གི་གོ་མཚོན་ནི་ལྷ་མོ་ཨ་ཤཱ་ཏ་རོད་ཀྱི་ལྷ་ཁང་དུ་བཞག་ནས་ཁོང་གི་བེམ་པོ་པེད་ཤན་གྱི་གྱང་ངོར་བཀལ། 11 ཕེ་ལེ་ཤེད་པ་རྣམས་ཀྱིས་སོ་ལོ་ལ་ཅི་ལྟར་བྱས་པའི་གཏམ་དེ་གིལ་ཨད་ཡུལ་གྱི་ཡཱ་བེ་སི་གྲོང་ཚོའི་མི་རྣམས་ཀྱིས་ཐོས་པ་ན། 12 དཔའ་རྒོད་ཐམས་ཅད་ལངས་ནས་མཚན་གང་འགྲུལ་ཞིང་སོ་ལོ་དང་ཁོང་གི་སྲས་རྣམས་ཀྱི་བེམ་པོ་པེད་ཤན་གྱི་གྱང་ནས་བླངས་ཏེ་ཡཱ་བེ་སི་རུ་ཁྱེར་ནས་མེ་ལ་ཕུལ་ཏོ། ། 13 དེ་ནས་རུས་པ་བླངས་ནས་ཡཱ་བེ་སི་རུ་ཡོད་པའི་འོམ་བུའི་འོག་གི་དུར་ཁུང་དུ་བཙུད་པ་དང་། ཞག་བདུན་གྱི་བར་དུ་སྨྱུང་གནས་ལ་བསྡད་དོ།། །།
<- སཱ་མུ་ཨེལ་དང་པོ། 30