12 སྐབས་དེར་སོ་ལོ་མོན་ན་རེ། སྔར་དཀོན་མཆོག་ཡ་ཝཱེས་ཁོང་ནི་སྤྲིན་ནག་སྟུག་པོའི་ནང་དུ་གནས་པར་འགྱུར་ཞེས་གསུངས་ཤིང་། 13 ད་ནི་བདག་གིས་ཁྱེད་ལ་མཆོད་ཁང་བརྗིད་ཆགས་ཤིག་བཞེངས་ཏེ། ཁྱེད་དུས་གཏན་དུ་གནས་པའི་བཞུགས་གནས་ཡིན་ནོ་ཞེས་ཞུས་པའོ། ། 14 དེ་ནས་རྒྱལ་པོ་ཞལ་ཚུར་འཁོར་ནས་ཡེས་ར་ཨེལ་གྱི་མི་ཚོགས་ལ་བྱིན་རླབས་གནང་བ་དང་དེ་རྣམས་ལངས་ནས་བསྡད། 15 སོ་ལོ་མོན་ན་རེ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ལ་བསྟོད་པར་འོས་སོ། །ཁོང་གིས་ངའི་ཡབ་དཱ་བིད་ལ་དངོས་སུ་ཞལ་བཞེས་གནང་བ་གང་ཞིག་ད་ནི་ཁོང་གི་ཕྱག་གིས་བསྒྲུབས་པར་མཛད་པའོ། །ཁོང་གིས་འདི་སྐད་དུ། 16 བདག་གིས་རང་གི་འབངས་མི་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་འོངས་པའི་ཉིན་མོ་ནས་བཟུང་། བདག་གི་མིང་དེར་གནས་པའི་ཆེད་དུ་མཆོད་ཁང་ཞིག་བཞེང་བར་ཡེས་ར་ཨེལ་པའི་ཚོ་པ་ཁག་གི་གྲོང་ཁྱེར་རྣམས་ལས་གང་ཡང་མ་འདེམས་མོད། འོན་ཀྱང་བདག་གི་འབངས་མི་ཡེས་ར་ཨེལ་ལ་དབང་སྒྱུར་བའི་ཆེད་དུ་དཱ་བིད་བདམས་པ་ཡིན་ཞེས་གསུངས་སོ། ། 17 བདག་གི་ཡབ་དཱ་བིད་ཀྱི་སེམས་སུ་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་མཚན་གྱི་ཕྱིར་མཆོད་ཁང་ཞིག་བཞེང་བའི་འདུན་པ་ཡོད་མོད། 18 འོན་ཀྱང་དཀོན་མཆོག་ཡ་ཝཱེས་ངའི་ཡབ་དཱ་བིད་ལ་འདི་སྐད་དུ། ཁྱོད་ཀྱི་སེམས་སུ་བདག་གི་མིང་ལ་མཆོད་ཁང་ཞིག་བཞེང་བའི་འདུན་པ་ཡོད་པ་ནི་ལེགས་སོ། ། 19 འོན་ཀྱང་ཁྱོད་རང་གིས་མཆོད་ཁང་དེ་བཞེང་བར་མི་འགྱུར་ཏེ། ཁྱོད་ལས་སྐྱེས་པའི་བུ་ཡིས་བདག་གི་མིང་ལ་མཆོད་ཁང་དེ་བཞེང་བར་འགྱུར་ཞེས་བཀའ་བསྩལ་ཏོ། ། 20 ད་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའི་བཀའ་ནང་བཞིན་འགྲུབ་པར་མཛད་དེ། བདག་ནི་རང་གི་ཡབ་དཱ་བིད་ཀྱི་ཚབ་ཏུ་ཡེས་ར་ཨེལ་གྱི་རྒྱལ་ཁྲིར་བསྡད་ནས། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་མཚན་ལ་མཆོད་ཁང་འདི་བཞེངས་པ་ཡིན། 21 ཡང་དཀོན་མཆོག་ཡ་ཝཱེས་རང་ཅག་གི་ཕ་མེས་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་སྐབས་སུ་ཁོང་གིས་གནང་བའི་ཞལ་ཆད་ཡོད་པའི་ཤུར་སྒམ་དེའི་ཕྱིར་དུ། བདག་གིས་གནས་ཤིག་གྲ་སྒྲིག་བྱས་པ་ཡིན་ཞེས་སྨྲས་སོ། །
27 འོན་ཀྱང་དཀོན་མཆོག་ནི་དངོས་སུ་ས་སྟེང་དུ་བཞུགས་པ་ཡིན་ནམ། གཟིགས་དང་། ནམ་མཁའ་དང་ནམ་མཁའི་ཡང་སྟེང་གི་ནམ་མཁར་ཡང་ཁྱེད་མི་ཤོང་བས། བདག་གིས་བཞེངས་པའི་མཆོད་ཁང་འདི་ནི་ལྟ་ཅི་སྨོས། 28 ཀྱེ་ང་ཡི་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱིའི་སྨོན་ལམ་དང་ཞུ་བ་ལ་གསན་པར་མཛོད། དེ་རིང་ཉིན་མོར་ཁྱེད་ཀྱི་དྲུང་དུ་ཞུ་བའི་གསོལ་འདེབས་དང་འོ་དོད་ལ་གསན་དུ་གསོལ། 29 ཁྱེད་ཀྱི་སྤྱན་གྱིས་ཉིན་མཚན་དབྱེར་མེད་དུ་མཆོད་ཁང་འདི་ལ་གཟིགས་པར་མཛོད། ཁྱེད་ཀྱིས་བདག་གི་མིང་ནི་དེ་རུ་གནས་པར་འགྱུར་ཞེས་གསུངས་པའི་གནས་འདི་ལ་གཟིགས་པར་མཛོད། ཁྱེད་ཀྱི་ཞབས་ཕྱིས་གནས་འདིའི་ཕྱོགས་སུ་བཏབ་པའི་གསོལ་འདེབས་ལ་ཡང་གསན་པར་མཛོད། 30 དེ་ཡང་ཁྱེད་ཀྱི་ཞབས་ཕྱི་བདག་དང་ཉིད་ཀྱི་འབངས་མི་ཡེས་ར་ཨེལ་གྱིས་གནས་འདིའི་ཕྱོགས་སུ་གསོལ་བ་འདེབས་པའི་དུས་སུ། ཁྱེད་ཀྱིས་དེ་དག་གི་ཞུ་བར་གསན་དུ་གསོལ། ཁྱེད་ཀྱི་བཞུགས་གནས་ཏེ་ནམ་མཁའི་ཞིང་ཁམས་ནས་གསན་ཞིང་། གསན་པ་ཙམ་གྱིས་སྡིག་པ་བསལ་བར་མཛོད།
31 གལ་ཏེ་མི་ཞིག་གིས་རང་གི་ཁྱིམ་མཚེས་དང་འགལ་བའི་སྡིག་པ་བྱས་ཤིང་། གཞན་ཞིག་གིས་དེ་ལ་མནའ་འཁུར་དུ་འཇུག་པའི་ཕྱིར་མི་དེས་མཆོད་ཁང་འདིར་འོངས་ནས་ཁྱེད་ཀྱི་མཆོད་ཁྲིའི་མདུན་དུ་མནའ་སྐྱེལ་བའི་དུས་སུ། 32 ཁྱེད་ཀྱིས་ནམ་མཁའི་ཞིང་ཁམས་ནས་དེར་གསན་ཏེ་ཞབས་ཕྱི་རྣམས་ལ་ཁྲིམས་ཐག་གཅོད་པར་མཛོད། ངན་པར་ཉེས་ཆད་བཅད་ནས་ཁོའི་ཉེས་པ་ཁོ་རང་གི་མགོ་ལ་འབེབ་པར་མཛོད། ཡང་ཉེས་མེད་ལ་དག་འབུད་མཛད་དེ་ཁོའི་དྲང་བདེན་བཞིན་གསོལ་རས་གནང་རོགས།
33 ཁྱེད་ཀྱི་འབངས་མི་ཡེས་ར་ཨེལ་གྱིས་ཁྱེད་ལ་འགལ་བའི་སྡིག་པ་བྱས་པའི་རྐྱེན་གྱིས་ཕ་རོལ་དགྲ་ཡི་མདུན་དུ་ཕམ་པར་གྱུར་པའི་ཚེ། དེ་དག་ཕྱིར་འཁོར་ནས་ཁྱེད་ཀྱི་ཕྱོགས་སུ་ལོག་ཅིང་ཁྱེད་ཀྱི་མཚན་ཁས་བླངས་ཏེ། མཆོད་ཁང་འདི་རུ་ཁྱེད་ལ་གསོལ་བ་བཏབ་ནས་ཞུ་བ་འབུལ་བའི་དུས་སུ། 34 ཁྱེད་ཀྱིས་ནམ་མཁའི་ཞིང་ཁམས་ནས་དེར་གསན་ཏེ་འབངས་མི་ཡེས་ར་ཨེལ་གྱི་སྡིག་པར་གུ་ཡངས་མཛད་ཅིང་། དེ་དག་གི་ཕ་མེས་རྣམས་ལ་གནང་བའི་ཡུལ་འདིར་ཕྱིར་འཁྲིད་པར་མཛོད།
35 དེ་དག་གིས་ཁྱེད་ལ་འགལ་བའི་སྡིག་པ་བྱས་པའི་རྐྱེན་གྱིས་གནམ་གྱི་སྒོ་འགགས་ནས་ཆར་བ་འབབ་མཚམས་ཆད་པ་དང་། ཁོ་ཚོས་གནས་འདིའི་ཕྱོགས་སུ་སྨོན་ལམ་བཏབ་ནས་ཁྱེད་ཀྱི་མཚན་ཁས་བླངས་ཏེ། ཡང་ཁྱེད་ཀྱིས་ཁོ་རྣམས་སྡུག་ལ་སྦྱར་བས་རང་གི་སྡིག་པའི་ལམ་ནས་སེམས་བསྒྱུར་ན། 36 ཁྱེད་ཀྱིས་ནམ་མཁའི་ཞིང་ཁམས་ནས་གསན་ཏེ། ཁྱེད་ཀྱི་ཞབས་ཕྱི་དང་ཉིད་ཀྱི་འབངས་མི་ཡེས་ར་ཨེལ་པའི་སྡིག་པར་གུ་ཡངས་མཛད་པ་དང་། ཁོ་རྣམས་ལ་བགྲོད་འོས་པའི་ལམ་དྲང་པོ་དེ་སྟོན་ཞིང་། ཁྱེད་ཀྱི་འབངས་མི་ལ་ས་སྐལ་དུ་གནང་བའི་གནས་སུ་ཆར་བ་འབབ་པར་མཛོད་ཅིག
37 གལ་ཏེ་ཡུལ་འདིར་མུ་གེའམ་རིམས་ནད་དམ། སྐམ་རླུང་། གཡའ་སྤུ། ཆ་ག་པ། ཨ་ཚག་ཚག་པ་བཅས་ཡོད་པའམ། ཡང་ན་དགྲ་བོས་ཡུལ་ལྗོངས་བསྐོར་བ་དང་། བར་ཆད་དམ་ནད་ཡམས་ཅི་རིགས་འབྱུང་བའི་ཚེ། 38 མི་ཚོགས་སམ་མི་གང་རུང་སྟེ། ཁྱེད་ཀྱི་འབངས་མི་ཡེས་ར་ཨེལ་གྱིས་རང་གི་སེམས་ཀྱི་གདུང་བ་རྟོགས་ཏེ། མཆོད་ཁང་འདིའི་ཕྱོགས་སུ་ལག་པ་བཏེགས་ནས་སྨོན་ལམ་དང་འོ་དོད་འདོན་ན། 39 ཁྱེད་ཉིད་བཞུགས་སའི་ནམ་མཁའི་ཞིང་ཁམས་ནས་དེར་གསན་ཏེ་སྡིག་པ་བསལ་བར་མཛོད། ཁྱེད་ཀྱིས་མི་རེ་རེའི་སེམས་མཁྱེན་པས་དེའི་སྤྱོད་ལམ་བཞིན་དུ་བསྒྲུབས་ནས་ལན་གནོངས་ཤིག ཅིའི་ཕྱིར་ཞེ་ན། ཁྱེད་ཉིད་གཅིག་པུས་འཇིག་རྟེན་མིའི་རིགས་ཀྱི་སེམས་པ་མཁྱེན་པའི་ཕྱིར་རོ། ། 40 དེ་ལྟ་ན་ཁྱེད་ཀྱིས་ངེད་ཅག་གི་ཕ་མེས་རྣམས་ལ་གནང་བའི་ཡུལ་འདིར་ཁོ་རྣམས་ནམ་འཚོའི་བར་དུ་ཁྱེད་ལ་གུས་ཤིང་འཇིགས་པར་འགྱུར།
41 ཡང་ཁྱེད་ཀྱི་འབངས་མི་ཡེས་ར་ཨེལ་ལས་གཞན་པའི་མི་རིགས་ཤིག་ཀྱང་ཡུལ་ཐག་རིང་པོ་ནས་ཁྱེད་ཀྱི་མཚན་གྱི་དབང་གིས་འོངས་ཏེ། 42 ཅི་ལ་ཞེ་ན། དེ་དག་གིས་ཁྱེད་ཀྱི་རབ་ཏུ་འཕགས་པའི་མཚན་དང་། ཁྱེད་ཀྱི་ནུས་མཐུ་ལྡན་པའི་ཕྱག་དང་། ཁྱེད་ཀྱི་ཕྱི་རུ་བརྐྱངས་པའི་དཔུང་བའི་སྐོར་ཐོས་ནས་ཁོ་རྣམས་འོངས་ཏེ་མཆོད་ཁང་འདིའི་ཕྱོགས་སུ་སྨོན་ལམ་འདེབས་པའི་ཚེ། 43 ཁྱེད་ཉིད་བཞུགས་སའི་ནམ་མཁའི་ཞིང་ཁམས་ནས་དེར་གསན་ཏེ། མི་རིགས་གཞན་དེའི་ཞུ་བ་ཐམས་ཅད་བཞིན་དུ་མཛོད་ཅིག དེ་ལྟ་ན་ས་གཞི་འདིའི་མི་རིགས་ཀུན་གྱིས་ཉིད་ཀྱི་འབངས་མི་ཡེས་ར་ཨེལ་བཞིན་དུ་ཁྱེད་ཀྱི་མཚན་རྟོགས་ཤིང་ཁྱེད་ལ་གུས་ཤིང་འཇིགས་པ་དང་། བདག་གིས་བཞེངས་པའི་མཆོད་ཁང་འདི་ནི་ཁྱེད་ཀྱི་མཚན་དང་ལྡན་པ་ཤེས་པར་འགྱུར་རོ། །
44 ཡང་ཁྱེད་ཀྱིས་རང་གི་འབངས་མི་ཡུལ་ཕྱོགས་གང་དུ་མངགས་ཀྱང་ཁོ་རྣམས་ཕྱི་རུ་སོང་སྟེ་སོ་སོའི་དགྲ་བོར་གཡུལ་འགྱེད་ཅིང་། ཁོ་རྣམས་ཀྱིས་ཁྱེད་ཀྱིས་བདམས་པའི་གྲོང་ཁྱེར་དང་བདག་གིས་ཁྱེད་ཀྱི་མཚན་གྱི་དོན་དུ་བཞེངས་པའི་མཆོད་ཁང་འདིའི་ཕྱོགས་སུ་འཁོར་ནས་དཀོན་མཆོག་ཡ་ཝཱེ་ཁྱེད་ལ་སྨོན་ལམ་འདེབས་ན། 45 ཁྱེད་ཀྱིས་ནམ་མཁའ་ནས་དེ་དག་གི་གསོལ་འདེབས་དང་འོ་དོད་ལ་གསན་ཏེ་ཁོ་རྣམས་རྒྱལ་བར་མཛོད་ཅིག
46 གལ་ཏེ་ཁྱེད་ཀྱི་འབངས་མིས་ཁྱེད་ལ་འགལ་བའི་སྡིག་པ་བྱེད་ཅིང་། སྡིག་པ་མི་བྱེད་པའི་མི་ནི་གང་དུའང་མེད་པས། ཁྱེད་ཉིད་ཁོ་རྣམས་ལ་ཐུགས་ཁྲོས་ཏེ་ཁོ་རྣམས་དགྲ་ཡི་ལག་ཏུ་སྤྲད་པ་དང་། དགྲ་བོས་ཁོ་རྣམས་ཐག་ཉེ་རིང་གང་དུ་བཙོན་ལ་ཁྲིད་ནས། 47 ཁོ་ཚོས་བཙོན་དུ་ཡོད་པའི་ཡུལ་ནས་བློ་ཁ་ཚུར་འཁོར་ཏེ། བཙོན་ལ་ཡོད་པའི་ཡུལ་དུ་ཁྱེད་ལ་འདི་ལྟར། ངེད་ཅག་གིས་སྡིག་པ་བྱས་ཤིང་། ངེད་ཅག་གིས་ཉེས་པ་བཟོས་པ་དང་། ངེད་ཅག་གིས་ལས་ངན་པ་བྱས་སོ་ཞེས་ཞུ་བ་ཕུལ་ན། 48 ཁོ་ཚོ་བཙོན་དུ་ཁྲིད་པའི་དགྲ་བོའི་ཡུལ་ནས་བློ་གཅིག་སེམས་གཅིག་གིས་ཁྱེད་ཀྱི་ཕྱོགས་སུ་འཁོར་ཏེ། ཁྱེད་ཀྱིས་ཁོ་ཚོའི་ཕ་མེས་རྣམས་ལ་གནང་བའི་ཡུལ་དང་། ཁྱེད་ཀྱིས་བདམས་པའི་གྲོང་ཁྱེར་དང་། བདག་གིས་ཁྱེད་ཀྱི་མཚན་གྱི་ཕྱིར་བཞེངས་པའི་མཆོད་ཁང་གི་ཕྱོགས་སུ་སྨོན་ལམ་འདེབས་ཚེ། 49 ཁྱེད་ཉིད་བཞུགས་སའི་ནམ་མཁའི་ཞིང་ཁམས་ནས་དེ་དག་གི་གསོལ་འདེབས་དང་ཞུ་བར་གསན་ཏེ། ཁོ་ཚོའི་དོན་དུ་ཁྲིམས་ཐག་གཅོད་པར་མཛོད་ཅིག 50 ཁྱེད་ལ་འགལ་བའི་སྡིག་པ་བྱས་པའི་ཉིད་ཀྱི་འབངས་མི་དང་། ཁྱེད་དང་འགལ་བའི་ལས་ངན་པ་ཐམས་ཅད་ལ་དགོངས་དག་གནང་ནས། ཁོ་ཚོ་བཙོན་དུ་འཁྲིད་མཁན་གྱི་མདུན་དུ་ཁོ་ཚོར་ཐུགས་རྗེས་གཟིགས་པར་མཛོད། 51 ཅིའི་ཕྱིར་ཞེ་ན། ཁོ་རྣམས་ནི་ཁྱེད་ཀྱིས་ཨེ་ཅིབ་ཡུལ་ནས་མེ་ལྕགས་ཞུན་ཐབ་ཀྱི་དཀྱིལ་ནས་བཏོན་ཏེ་ཕྱི་རུ་ཁྲིད་འོངས་པ་དང་། ཁྱེད་ཀྱིས་བདག་ཏུ་མཛད་པའི་འབངས་མི་ལགས་སོ། ། 52 ཁྱེད་ཀྱི་སྤྱན་ཟུང་གིས་ཉིད་ཀྱི་ཞབས་ཕྱིའི་ཞུ་བ་དང་། ཉིད་ཀྱི་འབངས་མི་ཡེས་ར་ཨེལ་གྱི་ཞུ་བར་གཟིགས་པར་མཛོད། དེ་དག་གིས་འོ་དོད་ཞུ་བ་ཐམས་ཅད་ལ་ཁྱེད་ཀྱིས་གསན་པར་མཛོད། 53 ཅིའི་ཕྱིར་ཞེ་ན། ཀྱེ་གཙོ་བོ་ཡ་ཝཱེ་ལགས། ཁྱེད་ཀྱིས་བདག་ཅག་གི་ཕ་མེས་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཁྲིད་འོང་བའི་དུས་སུ། ཉིད་ཀྱི་ཞབས་ཕྱི་མོ་ཤེ་བརྒྱུད་ནས་ཞལ་བཞེས་གནང་བ་བཞིན་དུ། ཁོ་རྣམས་ས་སྟེང་གི་མི་ཀུན་གྱི་ཁྲོད་ནས་ཉིད་ཀྱི་བདག་ཏུ་མཛད་པའི་འབངས་མི་བྱས་པའི་ཕྱིར་རོ་ཞེས་ཞུས་སོ། །
54 དེ་ནས་སོ་ལོ་མོན་གྱིས་མཆོད་ཁྲིའི་མདུན་དུ་པུས་མོ་སར་བཙུགས་ནས་ལག་པ་གནམ་ལ་བརྐྱངས་ཏེ། དཀོན་མཆོག་ཡ་ཝཱེའི་དྲུང་དུ་སྨོན་ལམ་དང་ཞུ་བ་འདི་ཐམས་ཅད་ཕུལ་ནས་རྫོགས་པ་ན། 55 ཁོ་རང་ཡར་ལངས་ནས་དེར་འཛོམས་པའི་ཡེས་ར་ཨེལ་གྱི་མི་ཚོགས་ལ་བྱིན་གྱིས་བརླབས་ཤིང་སྐད་ཆེན་པོས་འདི་ལྟར། 56 དཀོན་མཆོག་ཡ་ཝཱེ་ལ་བསྟོད་ཅིང་བསྔགས་པར་གྱིས། ཁོང་གིས་ཉིད་ཀྱི་ཞབས་ཕྱི་མོ་ཤེ་བརྒྱུད་ནས་མཛད་པའི་ཞལ་བཞེས་བཟང་པོ་ལས་གསུང་གཅིག་ཀྱང་མ་ཆད་པར། ཉིད་ཀྱི་འབངས་མི་ཡེས་ར་ཨེལ་ལ་ངལ་གསོ་གནང་བ་ཡིན། 57 བདག་ཅག་གི་དཀོན་མཆོག་ཡ་ཝཱེ་ནི་རང་ཅག་གི་ཕ་མེས་རྣམས་དང་མཉམ་དུ་བཞུགས་པ་ལྟར་བདག་ཅག་དང་མཉམ་དུ་བཞུགས་པར་ཤོག ཁོང་གིས་བདག་ཅག་མི་འདོར་མི་བསྐྱུར་བར་ཤོག 58 ཡང་བདག་ཅག་ཁོང་གི་སྤྱོད་ལམ་དུ་འགྲུལ་བ་དང་ཕ་མེས་རྣམས་ལ་གནང་བའི་བཀའ་རྒྱ་དང་། སྒྲིག་ཁྲིམས་དང་། ཁྲིམས་སྲོལ་རྣམས་བསྲུང་བའི་ཕྱིར་དུ། ཁོང་གིས་བདག་ཅག་གི་སེམས་ནི་ཉིད་ཀྱི་ཕྱོགས་སུ་བསྒྱུར་བར་གྱུར་ཅིག 59 བདག་གིས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཕུལ་བའི་ཞུ་ཚིག་འདི་རྣམས་ཉིན་མཚན་ཀུན་ཏུ་རང་ཅག་གི་དཀོན་མཆོག་ཡ་ཝཱེ་དང་མི་འབྲལ་བར་གྱུར་ཅིག ཁོང་གིས་ཉིད་ཀྱི་ཞབས་ཕྱི་བདག་དང་ཉིད་ཀྱི་འབངས་མི་ཡེས་ར་ཨེལ་པའི་དོན་དུ་ཉིན་རེ་བཞིན་ཁྲིམས་ཐག་གཅོད་པར་མཛོད་ཅིག 60 ཅིའི་ཕྱིར་ཞེ་ན། ས་སྟེང་གི་མི་ཐམས་ཅད་ཀྱིས་དཀོན་མཆོག་ཡ་ཝཱེ་ནི་དཀོན་མཆོག་ལགས་ཤིང་། ཁོང་མ་གཏོགས་དཀོན་མཆོག་གཞན་སུ་ཡང་མེད་པ་རྟོགས་པའི་ཕྱིར་དུའོ། ། 61 དེའི་ཕྱིར་ཁྱོད་ཅག་ཁོང་གི་སྒྲིག་ཁྲིམས་བཞིན་དུ་འགྲུལ་བ་དང་། དེ་རིང་ནང་བཞིན་ཁོང་གི་བཀའ་རྒྱ་རྣམས་བསྲུང་བའི་དོན་དུ། ཁྱོད་ཅག་གི་སེམས་ནི་རང་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་ཡོངས་སུ་འབུལ་བར་གྱིས་ཤིག་ཅེས་བསྐུལ་བའོ། །
-
ཚིག་རྐང་འདིའི་ནང་གི་ཟླ་བདུན་པ་ཞེས་པ་དེ་ཡེས་ར་ཨེལ་པའི་ལུགས་ཀྱི་ཟླ་བདུན་པར་གོ་བ་ལས་རྒྱ་རྩིས་དང་བོད་རྩིས་ཀྱི་ཟླ་བདུན་པར་གོ་བ་མིན། ཟླ་བདུན་པ་ནི་རྒྱ་རྩིས་ཀྱི་ཟླ་དགུ་བ་ནས་བཅུ་པའི་བར་ཡིན།
- b ཚིག་རྐང་འདིའི་ནང་གི་ཉིན་བརྒྱད་པ་ནི་གཟའ་འཁོར་གཉིས་ཀྱི་རིང་ལ་བྱས་པའི་དགའ་སྟོན་གྱི་ཉིན་མོ་ཐ་མའམ་ཉིན་གྲངས་བརྒྱད་པ་སྟེ། དགའ་སྟོན་རྗེས་ཀྱི་ཉིན་མོ་དེ་ལ་གོ་བ་ཡིན།