ལེའུ་བཅུ་དགུ་པ།
ཨེ་ལི་ཡཱ་སྲོག་ཐར་བའི་ཆེད་དུ་བྲོས་པ།
1 དེ་ནས་ཨ་ཧབ་ཀྱིས་ཡེ་ཟི་བེལ་ལ། ཨེ་ལི་ཡཱས་ཅི་བྱས་པ་ཐམས་ཅད་དང་ཇི་ལྟར་ལུང་སྟོན་པ་ཐམས་ཅད་རལ་གྲིས་བསད་པའི་གཏམ་སྨྲས་པ་དང་། 2 ཡེ་ཟི་བེལ་གྱིས་ཨེ་ལི་ཡཱ་ལ་བང་ཆེན་བཏང་ནས། གལ་ཏེ་སང་ཉིན་གྱི་དུས་འདི་ལ། དེ་དག་གི་སྲོག་བཅད་པ་ལྟར་ཁྱོད་ཀྱི་སྲོག་ཀྱང་མ་བཅད་ན། ལྷ་རྣམས་ཀྱིས་ང་ལ་འདིའམ་འདི་ལས་ལྷག་པ་ཞིག་མཛད་པར་ཤོག་ཅེས་སྨྲས། 3 དེར་ཨེ་ལི་ཡཱ་འཇིགས་སྣང་སྐྱེས་ཤིང་ཡར་ལངས་ཏེ་སྲོག་ཐར་བའི་ཆེད་དུ་ཡ་ཧུ་དཱའི་ཁོངས་གཏོགས་པེར་ཤ་བཱ་རུ་ཕྱིན་པ་དང་། རང་གི་ཞབས་ཕྱི་དེར་བཞག་ཅིང་། 4 ཁོང་ནི་དབེན་སྟོང་དུ་ཉིན་གཅིག་གི་ལམ་ལ་སོང་ཞིང་། ཤུག་སྡོང་ *འདིར་ཤུག་སྡོང་ཞེས་པ་ནི་མ་ཕྱི་ལས་རོ་ཊམ་(ro-tem)ཞེས་མཐོང་། དེ་ནི་ཤུག་སྡོང་གི་རིགས་ཡིན་ཞིང་བོད་ཡུལ་ལ་རོ་ཊམ་དང་གཅིག་མཚུངས་མེད་པས་དེ་ལྟར་བསྒྱུར་བ་ཡིན། ཞིག་གི་འོག་ཏུ་བསྡད་ནས་རང་འཆི་བའི་ཕྱིར་གསོལ་བ་བཏབ་སྟེ། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ད་ནི་འགྲིག་སོང་། བདག་ནི་བདག་གི་མེས་པོ་རྣམས་ལས་བཟང་པོ་མིན་པས། བདག་གི་སྲོག་བཞེས་སུ་གསོལ་ཞེས་ཞུས་པ་དང་། 5 ཤུག་སྡོང་དེའི་འོག་ཏུ་ཉལ་ནས་གཉིད་དུ་ཡུར་བ་ན། ཀྱེ་ཧོ། ཕོ་ཉ་ཞིག་གིས་ཁོང་ལ་རེག་ནས། ཡར་ལོངས་ལ་ཁ་ཟས་སྤྱོད་པར་གྱིས་ཞེས་བསྒོས་སོ། ། 6 དེ་ནས་ཁོང་གིས་བལྟས་པའི་ཚེ། ཀྱེ་ཧོ། རང་གི་མགོའི་འགྲམ་དུ་སོལ་བས་བསྲེགས་པའི་བག་ལེབ་ཅིག་དང་ཆུ་བུམ་པ་གང་ཡོད་པ་མཐོང་ནས། ཁོང་ཡར་ལངས་ཏེ་བཟའ་བཏུང་སྤྱད་རྗེས་ཡང་བསྐྱར་ཉལ་བ་དང་། 7 དཀོན་མཆོག་ཡ་ཝཱེའི་ཕོ་ཉ་ཐེངས་གཉིས་པར་བྱོན་ནས་ཁོང་ལ་རེག་པ་དང་། ཁྱོད་རང་འགྲོ་སའི་ལམ་ཐག་ཤིན་ཏུ་རིང་བས། ཡར་ལོངས་ལ་ཁ་ཟས་སྤྱོད་ཅིག་ཅེས་བསྒོས་པར། 8 ཁོང་ཡར་ལངས་ནས་བཟའ་བཏུང་སྤྱད་ཅིང་ཁ་ཟས་དེའི་སྟོབས་ཀྱིས་ཉིན་ཞག་བཞི་བཅུའི་རིང་ལ་སོང་ནས་དཀོན་མཆོག་གི་རི་བོ་སྟེ་ཧོ་རེབ་རི་བོར་ཕྱིན་ཏོ། ། 9 དེར་སླེབས་ནས་ཁོང་བྲག་ཁུང་ཞིག་གི་ནང་དུ་སོང་ནས་དེར་ཞག་སྡོད་བྱས་པ་དང་། དཀོན་མཆོག་ཡ་ཝཱེའི་བཀའ་བྱུང་སྟེ་ཁོང་ལ། ཨེ་ལི་ཡཱ། ཁྱོད་ཀྱིས་འདི་རུ་ཅི་བྱེད་ཀྱིན་ཡོད་ཅེས་དྲིས་པ་ན། 10 ཁོང་ན་རེ། བདག་གིས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་ཕྱིར་དུ་ཧུར་བརྩོན་བྱེད་ཀྱིན་ཡོད། ཅིའི་ཕྱིར་ཞེ་ན། ཡེས་ར་ཨེལ་པ་རྣམས་ཀྱིས་ཁྱེད་ཀྱི་ཞལ་ཆད་སྤངས་ཏེ་ཁྱེད་ཀྱི་མཆོད་ཁྲི་རྣམས་བཤིགས་པ་དང་། ཁྱེད་ཀྱི་ལུང་སྟོན་པ་རྣམས་རལ་གྲིས་བསད་དོ། །ད་ལྟ་བདག་གཅིག་པུ་ལུས་ཀྱང་། དེ་རྣམས་ཀྱིས་བདག་གི་སྲོག་གཅོད་པར་སྙེག་གིན་འདུག་ཅེས་ཞུས་པ་ལ། 11 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཕྱི་རུ་ཡོང་ནས་བདག་གི་མདུན་དུ་རི་མགོར་ལོངས་ལ་སྡོད་ཅིག་ཅེས་བསྒོས་པ་དང་། སྐབས་དེར་དཀོན་མཆོག་ཡ་ཝཱེ་ཁོང་གི་མདུན་ནས་ཕར་ཕེབས་པ་ན། དཀོན་མཆོག་ཡ་ཝཱེའི་མདུན་དུ་རླུང་ཆེན་དྲག་པོ་ཞིག་གིས་རི་ཉིལ་ཞིང་རྡོ་གས་ནའང་། དཀོན་མཆོག་ཡ་ཝཱེ་རླུང་གི་ནང་དུ་མ་མཆིས་ལ། རླུང་ཆེན་གྱི་རྗེས་སུ་ས་འགུལ་བྱུང་ཡང་། དཀོན་མཆོག་ཡ་ཝཱེ་ས་འགུལ་གྱི་ནང་དུའང་མ་མཆིས། 12 ས་འགུལ་གྱི་རྗེས་སུ་མེ་བྱུང་ཡང་། དཀོན་མཆོག་ཡ་ཝཱེ་མེའི་ནང་དུའང་མ་མཆིས་ཤིང་། མེའི་རྗེས་སུ་དམའ་ཞིང་འཇམ་པའི་སྐད་སྒྲ་ཞིག་བྱུང་ཞིང་། 13 ཨེ་ལི་ཡཱས་དེ་ཐོས་པ་ཙམ་གྱིས། ཕྱི་གོས་ཀྱིས་རང་གི་གདོང་བཀབ་སྟེ་ཕྱི་རུ་ཐོན་ནས་བྲག་ཁུང་ཁ་རུ་ཀེ་རེར་བསྡད་པ་དང་། གློ་བུར་སྐད་ཅིག་བྱུང་སྟེ་ན་རེ། ཨེ་ལི་ཡཱ། ཁྱོད་ཀྱིས་འདི་རུ་ཅི་བྱེད་ཀྱིན་ཡོད་ཅེས་པའི་ལན་དུ། 14 ཨེ་ལི་ཡཱ་ན་རེ། བདག་གིས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་ཕྱིར་དུ་ཧུར་བརྩོན་བྱེད་ཀྱིན་ཡོད། ཅིའི་ཕྱིར་ཞེ་ན། ཡེས་ར་ཨེལ་པ་རྣམས་ཀྱིས་ཁྱེད་ཀྱི་ཞལ་ཆད་སྤངས་ཏེ་ཁྱེད་ཀྱི་མཆོད་ཁྲི་རྣམས་བཤིགས་པ་དང་། ཁྱེད་ཀྱི་ལུང་སྟོན་པ་རྣམས་རལ་གྲིས་བསད་དོ། །ད་ལྟ་བདག་གཅིག་པུ་ལུས་ཀྱང་། དེ་རྣམས་ཀྱིས་བདག་གི་སྲོག་གཅོད་པར་སྙེག་གིན་འདུག་ཅེས་ཞུས་པ་ལ། 15 དཀོན་མཆོག་ཡ་ཝཱེས་ཁོང་ལ། ཁྱོད་སོང་དང་། ཁྱོད་རང་ཡོང་སའི་ལམ་དེ་ནས་ཕྱིར་དཱ་མེ་སེག་གི་དབེན་སྟོང་དུ་སོང་ཞིག ཡང་དེར་སླེབས་རྗེས་ཧ་ཟཱ་ཨེལ་ནི་ཨ་རམ་གྱི་རྒྱལ་པོ་དང་། 16 ནིམ་ཤེའི་བུ་ཡེ་ཧུ་ནི་ཡེས་ར་ཨེལ་གྱི་རྒྱལ་པོར་བསྐོ་བར་སྣུམ་གྱིས་བྱུགས་ཤིག ཡང་ཨ་བེལ་མེ་ཧོ་ལཱ་ཡི་ཤ་ཕད་ཀྱི་བུ་ཨེ་ལི་ཤཱ་ནི་ཁྱོད་ཀྱི་ཚབ་ཏུ་ལུང་སྟོན་པར་བསྐོ་བར་སྣུམ་གྱིས་བྱུགས་ཤིག 17 དེ་ནས་ཧ་ཟཱ་ཨེལ་གྱི་རལ་གྲི་ལས་ཐར་བ་རྣམས་ནི་ཡེ་ཧུས་གསོད་ཅིང་། ཡེ་ཧུའི་རལ་གྲི་ལས་ཐར་བ་རྣམས་ནི་ཨེ་ལི་ཤཱས་གསོད་པར་འགྱུར་རོ། ། 18 ཡིན་ནའང་བདག་གིས་པཱ་ཨལ་གྱི་མདུན་དུ་པུས་མོ་མ་བཙུགས་པ་དང་། ཁོ་ལ་ཁ་ཡང་མ་བསྐྱལ་བའི་མི་བདུན་སྟོང་ཡེས་ར་ཨེལ་པའི་ཁྲོད་ནས་བསྐྱུར་བ་ཡིན་ཞེས་བཀའ་བསྩལ་བ་དང་། 19 ཨེ་ལི་ཡཱ་དེ་དང་བྲལ་ནས་སོང་པ་ན། ཁོང་ཤ་ཕད་ཀྱི་བུ་ཨེ་ལི་ཤཱ་ཡིས་ཞིང་རྨོ་བཞིན་པ་དང་ཕྲད། དེའི་མདུན་དུ་བ་གླང་དོར་བཅུ་གཉིས་ཡོད་ལ། དེས་བ་གླང་དོར་བཅུ་གཉིས་པ་འདེད་ཀྱིན་ཡོད་པ་དང་། ཨེ་ལི་ཡཱ་ཁོའི་རྩར་བྱོན་ནས་ཁོང་གི་ཕྱི་གོས་དེའི་སྟེང་དུ་བསྐོན་པ་རེད། 20 དེར་ཨེ་ལི་ཤཱ་ཡིས་བ་གླང་རྣམས་བསྐྱུར་ཏེ་ཨེ་ལི་ཡཱའི་རྗེས་སུ་རྒྱུགས་ནས་ཁོང་ལ། བདག་སོང་ནས་རང་གི་ཕ་མ་དང་འོ་བྱས་ཏེ་གྱེས་ཕྱག་འབུལ་བར་བདག་ལ་དགོངས་པ་གནང་རོགས་ཞུ། དེ་ནས་ང་ཁྱེད་ཀྱི་རྗེས་སུ་འབྲང་བར་བྱའོ་ཞེས་ཞུས་པས། ཁོང་གིས་དེ་ལ། ངས་ཁྱོད་ལ་ཅི་བྱས་སམ། ཕྱིར་སོང་ཞིག་ཅེས་གསུངས་པ་དང་། 21 ཨེ་ལི་ཤཱ་ཁོང་གི་དྲུང་ནས་ཕྱིར་ལོག་ཅིང་། བ་གླང་དོར་གཅིག་ཁྲིད་འོངས་ནས་བཤས་ཏེ། ཞིང་རྨོ་ཆས་ཀྱིས་དེ་དག་གི་ཤ་བཙོས་ནས་མི་རྣམས་ལ་སྤྲད་པ་དང་དེ་རྣམས་ཀྱིས་ཟོས་རྗེས། ཁོང་ཡར་ལངས་ནས་ཨེ་ལི་ཡཱའི་རྗེས་སུ་འབྲངས་ཏེ་ཞབས་ཕྱི་བྱས་སོ། །
<- རྒྱལ་རབས་དང་པོ། 18རྒྱལ་རབས་དང་པོ། 20 ->
རྒྱལ་རབས་དང་པོ།
-
འདིར་ཤུག་སྡོང་ཞེས་པ་ནི་མ་ཕྱི་ལས་རོ་ཊམ་(ro-tem)ཞེས་མཐོང་། དེ་ནི་ཤུག་སྡོང་གི་རིགས་ཡིན་ཞིང་བོད་ཡུལ་ལ་རོ་ཊམ་དང་གཅིག་མཚུངས་མེད་པས་དེ་ལྟར་བསྒྱུར་བ་ཡིན།